ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ལ་ཁ་པར་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས8ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་ལ་ཁ་པར་བཏང་།

ཕུའུ་ཅིང་གིས་ཨུ་རུ་སུས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་བཟུང་ཡོད་པའི་ལྟ་སྟངས་དང་། ཉེ་ལམ་ཨུ་རུ་སུ་དང་ཨ་མེ་རི་ཁས་འབྲེལ་གཏུག་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་ཏེ། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོས་ཆབ་སྲིད་ལ་བརྟེན་ནས་ཉེན་ཁ་ཐག་གཅོད་པའི་ཐད་བཏོན་པའི་འཛུགས་སྐྲུན་རང་བཞིན་གྱི་ཕན་ནུས་ལ་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད་ལ། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་དེ་གནས་བབ་གང་འདྲ་ཞིག་གི་འོག་ཏུའང་གཏན་ནས་འགྱུར་མི་སྲིད་པས།  ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོའི་བར་གྱི་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་ལངས་ཕྱོགས་རྒྱས་བཤད་གནང་བ་དང་། རྙོག་འཛིང་གི་གནད་དོན་ལ་ཐག་གཅོད་བྱེད་སྟབས་བདེ་ཞིག་གཞར་ཡང་ཡོད་མི་སྲིད། གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་རྒྱུན་འཁྱོངས་དང་འདུམ་འགྲིག་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོས་ཨུ་རུ་སུ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་འབྲེལ་གཏུག་རྒྱུན་འཁྱོངས་དང་ཕན་ཚུན་གྱི་འབྲེལ་བ་ཇེ་བཟང་དུ་བཏང་ནས། ཝུའུ་ཁི་ལན་གྱི་ཉམས་ཉེན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་མཐོང་ཐུབ་པར་དགའ་སྤྲོ་སྐྱེས་ཡོད་པའི་བསམ་པ་བསྟན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་ཨུའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་མཉམ་ལས་ལ་གདེང་འཇོག་གནང་བ་དང་།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་བརྩོན་ལེན་བྱེད་རྒྱུར་གྲོས་མཐུན་བྱུང་། ཕྱོགས་གཉིས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་ལ་གྲ་སྒྲིག་ལེགས་པོ་བྱ་རྒྱུ་ཡིན་ལ། མཛའ་མཐུན་དང་མཐུན་སྒྲིལ། གྲུབ་འབྲས་བཅས་ཀྱིས་ཕྱུག་པའི་རྩེ་ཚོགས་ཤིག་བསྒྲུབ་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་་མངོན་འགྱུར་བྱུང་བར་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།