སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་མཐོ་ཚད་དུ་འགྲེང་ནས། འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གྲུབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཕྱོགས་ཡོངས་རང་བཞིན་གྱི་འགྱུར་ལྡོག་ལ་སྣེ་ཁྲིད་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས།
2005ལོའི་ཟླ8ཚེས15ཉིན། སྐབས་དེར་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཡུས་ཚུན་སྡེ་བར་རྟོག་ཞིབ་མཛད་སྐབས། རི་སྔོ་ཆུ་དྭངས་གསེར་དངུལ་རི་ཡིན་པའི་དགོངས་དོན་གལ་ཆེན་ཐོག་མར་བཏོན་པ་དང་།“རི་གཉིས་སྨྲ་བ”དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གཞི་རྩའི་འདུ་ཤེས་སུ་གྱུར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་ཆེད། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས“རི་གཉིས་སྨྲ་བ”བཏོན་ནས་ལོ20འཁོར་བའི་མཚམས་སུ་ལེའུ་བཅུའི་ཆེད་དོན་ལེ་ཚན་ཆེན་མོ《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མུ་འབྲེལ་འཆད་ཀློག》བཀོད་སྒྲིག་བྱས། ལེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་སྔོ་ཆུ་དྭངས་གསེར་དངུལ་རི་ཡིན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་སོགས་གྱི་དགོངས་གཞི་གལ་ཆེན་གཙིགས་སུ་བཟུང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་གོ་དོན་གཙོ་བོ། ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་གྱི་རེ་བ། འཛམ་གླིང་ལ་བཞག་པའི་བྱས་རྗེས་བཅས་འགྲེལ་ཀློག་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་ཆ་ཚང་བཏབ་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་དུས་རབས་ཀྱི་ཁྱད་ཆོས་དང་གཞུང་ལུགས་ཀྱི་རིན་ཐང་། ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས།
ལེ་ཚན་དེ2025ལོའི་ཟླ8པའི་ཚེས16ཉིན་ནས་བཟུང་། དགོང་རེའི་ཆུ་ཚོད་དགུའི་སྟེང་ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ་ནས་ཐོག་མར་གཏོང་རྒྱུ་ཡིན་པར་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་འཕྲིན་ལམ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཀྱི་འཕྲིན་ཕྲན་བརྙན་སྟེགས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་དབྱང་བརྙན་འཕྲིན་ནོར་དཔལ་འཕྲིན་ལམ་བཅས་ནས་མཉམ་གཅིག་ཏུ་གཏོང་རྒྱུ་རེད།