སྤྱི་ཟླ8པའི་ཚེས11ཉིན་མི་དམངས་དྲ་བས་སྤེལ་བའི་འཕྲིན། ཟླ8པའི་ཚེས11ཉིན། 2025ལོའི་ཨ་མྱེས་རྨ་ཆེན་མཐོར་སོན་འགྲན་སློང་འགྲན་སྡུར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ནས་འཚོགས་ཤིང་། འགྲན་སྡུར་དེ་ནི་ཀྲུང་གོའི་ཆ་སྙོམས་མཚོ་འཕགས་སྨི4000ཡན་གྱི་སྐྱེ་ཁམས་མཉམ་འཚོ་ཡི་རི་ཐང་འགྲན་རྒྱུག་ཐོག་མ་ཡིན་པ་དང་། སྤྱི་ཟླ8ཚེས15ཉིན་དངོས་སུ་མགོ་བརྩམ་རྒྱུ་རེད།
འགྲན་སྡུར་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་རྨ་ཆེན་གངས་རིའི་ཐུན་མོང་མ་ཡིན་པའི་རང་བྱུང་དང་རིག་གནས་ཀྱི་དགེ་མཚན་ལ་གཞི་བཅོལ་ཞིང་། རྒྱལ་ཁབ་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་དང་། ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི《སྤུས་ཚད་མཐོ་བའི་ལྗོངས་ཕྱིའི་འགུལ་སྐྱོད་དམིགས་ས་བསྐྲུན་པའི་སྐོར་གྱི་སློབ་སྟོན་བསམ་འཆར》དང་མཚོ་སྔོན་ཞིང་ཆེན“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་མཚོ་ལྷོའི་ཚོད་ལྟ་ཁུལ་འཛུགས་སྐྲུན་ལས་དོན”གྱི་ལག་ལེན་གལ་ཆེན་བཅས་དང་ལེན་ཧུར་ཐག་བྱས་ཏེ། ཨ་མྱེས་རྨ་ཆེན་མཐོར་སོན་འགྲན་སློང་འགྲན་སྡུར་དེ་གསར་གཏོད་རང་བཞིན་གྱི་སྒོ་ནས་མཐོར་སོན་འགྲན་རྩལ་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ཟུང་དུ་འབྲེལ་ནས་སྤེལ་འཆར་ཡོད་ལ། དེ་ནི་ཀྲུང་གོའི་ལྗོངས་ཕྱིའི་འགུལ་སྐྱོད་ཐོན་ལས་དེ“སྐྱེ་ཁམས་རྒྱུན་མཐུད་འཕེལ་རྒྱས་འགྲན་སྡུར”གྱི་དགོངས་གཞི་དང་འབྲེལ་ནས་སྤེལ་བའི་འགྲན་སྡུར་ཐོག་མ་ཞིག་ཡིན་པ་མཚོན།
ཟླ7ཚེས20ཉིན་མིང་ཐོ་འགོད་མགོ་བརྩམས་པ་ནས་བཟུང་། འགྲན་སྡུར་ལ་འཛམ་གླིང་གི་རི་ཐང་འགྲན་རྒྱུག་དཔའ་མཛངས་ཅན་དང་ལྗོངས་ཕྱིའི་འགུལ་སྐྱོད་མོས་པ་ཅན་གྱིས་དོ་སྣང་རྒྱ་ཆེར་ཐོབ། མགོ་ལོག་ཁུལ་ནི་མཚོ་བོད་མཐོ་སྒང་གི་ལྟེ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཡོད་ཅིང་། རྨ་ཆུའི་འགོ་ཁུངས་དང་ཆུ་གསུམ་འགོ་ཁུངས་ཀྱི་ལྟེ་ཁུལ་སོགས་རང་བྱུང་གི་དགེ་མཚན་མངའ་བས“ཀྲུང་ཧྭའི་ཆུ་མཛོད”ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན། འགྲན་སྡུར་དེ་ནི་མགོ་ལོག་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གོང་སྤེལ་གྱི་དགོངས་གཞི་ལག་ལེན་དང་། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་དུ་སྤེལ་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བསོད་ནམས་ཚེ་བརྟན་གྱིས་འདི་སྐད། ང་ཚོས་ཐེངས་འདིའི་འགྲན་སྡུར་བརྒྱུད་དེ་མགོ་ལོག་གི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཀྱི་ཐོན་ཁུངས་དང་། གཏིང་ཟབ་ཅིང་རྒྱ་ཆེ་བའི་རིག་གནས་རྫོང་མཐུག་པོ་དེ་འཛམ་གླིང་ལ་ངོམ་སོ་དང་། ཕྱིར་གློད་དང་དཀྱེལ་ཡངས་པའི་འཕེལ་རྒྱས་ཀྱི་ཉམས་སྣང་དོད་དེ་གངས་ལྗོངས་མཐོ་སྒང་ན་ཡོད་པའི་ལྷད་མེད་ཀྱི་གོང་ཐང་དང་མི་ཆོས་ཀྱི་དགོངས་པར་མྱོང་རོལ་བྱེད་དུ་འཇུག་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།
རྨ་ཆེན་རྫོང་ནི་རྨ་ཆུ་སྟོད་རྒྱུད་དེ་སྐྱེ་ཁམས་སྲུང་ཡོལ་ཁུལ་གྱི་ལྟེ་བར་ཆགས་ཤིང་། མངའ་ཁོངས་སུ་ཡོད་པའི་ཨ་མྱེས་རྨ་ཆེན་གངས་རི་དང་དེའི་ངོ་མཚར་བའི་རང་བྱུང་གི་བཀོད་པ་དང་གཏིང་ཟབ་པའི་རིག་གནས་ཀྱིས་ཐེངས་འདིའི་སྐྱེ་ཁམས་མཉམ་འཚོ་ཡི་འགྲན་སྡུར་སྤེལ་བར་ཆ་རྐྱེན་བཟང་བོ་བསྐྲུན། རྨ་ཆེན་རྫོང་ཨུའི་རྒྱུན་ཨུ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དབྱངས་ཅན་ལྷ་མོས་འདི་སྐད། ཐེངས་འདིའི་འགྲན་སྡུར་གྱིས་གསར་གཏོད་ཀྱི་ལམ་ནས“འགྲན་སྡུར་གཅིག་དུས་ཆེན་གཅིག་ཡུལ་སྐོར་གཅིག”གི་མ་དཔེ་བཏོད་ཅིང་། སྐྱེ་ཁམས་ལུས་རྩལ་རིག་གནས་དུས་ཆེན་གཞི་རྟེན་དང་། མགོ་ལོག་སྐྱེ་ཁམས་རྟོགས་སད་ཀྱི་ལྗོངས་རྒྱུ་འབྲེལ་ཐག་བྱས་ཏེ། འགྲན་སྡུར་ལས་འགྲན་རྩལ་དང་། རིག་གནས་འཁྲབ་སྟོན། སྐྱེ་ཁམས་འཚོལ་ཞིབ་བཅས་གཅིག་ཏུ་སྦྱར་ཡོད། དམིགས་བྱ་གཙོ་བོ་ནི་རྨ་ཆེན་གྱི་ཡུལ་སྐོར་རིག་གནས་སྤུས་རྟགས་ཀྱི་མཚན་སྙན་ཇེ་ཆེར་དང་། སྐྱེ་ཁམས་སྔོན་སྤེལ་དང་རིག་གནས་ལུས་རྩལ་གྱི་དགེ་མཚན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱ་ཆེད་ཡིན་ཟེར།
གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་དུ། འགྲན་སྡུར་གྱི་སྤྱི་ཁྱབ་ལྟ་སྐུལ་བ་ཏའེ་ཁའེ་ཡིས་གསར་གཏོད་ཀྱི་བྱེད་ཐབས་ཁག་ཅིག་ངོ་སྤྲོད་བྱས་དོན། “ཚོགས་རར་དམིགས་སུ་གཙང་དག་དང་དཀའ་ལས་མི་བཟོ་བའི”སྐྱེ་ཁམས་མཉམ་འཚོ་ཡི་འགྲན་ལམ་སྔ་ན་མེད་པ་ཞིག་གསར་དུ་བཏོད་པ་དང་། འཛམ་གླིང་ཡོངས་ནས“འགྲན་རྩལ་སྐར་གསོག+ཁོར་སྲུང་སྐར་གསོག”གི་སྐར་གསོག་ལམ་ལུགས་ཟུང་ཐོག་མར་ལག་བསྟར་བྱས་ཡོད་པར་མ་ཟད། འགྲན་སྡུར་གྱི་སྔོན་ལ་གངས་རིར་ཆིངས་ཡིག་འཇོག་པ་དང་། འགྲན་སྡུར་གྱི་རྗེས་སུ་འགྲན་ལམ་གྱི་སྣོད་བཅུད་སླར་གསོ་ཚོ་ཆུང་འཛུགས་པ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་མཉམ་འཚོ་ཡི་འདུ་ཤེས་ངང་གིས་འགྲན་རྩལ་སྒྲིག་སྲོལ་ཁྲོད་བསྲེས་ཡོད་ཟེར།
འགྲན་སྡུར་དེས་འགྲན་རྩལ་ཉམས་རོལ་ལ་དོ་སྣང་ཆེན་པོ་བྱས་ཡོད་དེ། 《མགོ་ལོག་གི་སྐྱེ་ཁམས་རྟོགས་སད》ཅེས་པའི་དངོས་བཤུས་གློག་བརྙན་དང“མཐོར་སོན་འགྲན་སྲུང་། སྐྱེ་ཁམས་རྟོགས་སད”ཅེས་པ་བརྗོད་གཞིར་བཟུང་བའི་དྲིལ་སྒྲོག་བརྙན་ཐུང་བརྒྱུད་དེ། འགྲན་སྡུར་ལ་ཞུགས་མཁན་རྣམས་གངས་ལྗོངས་སྣོད་བཅུད་ཀྱི་སྲུང་སྐྱོང་བ་ཞིག་ཏུ་འགྱུར་བར་ཡང་འབོད་སྐད་བྱས་ཡོད། དངོས་བཤུས་གློག་བརྙན་ལ་མཚོན་ན་མཐོང་སྣེ་མི་འདྲ་བ་གཉིས་ནས་མཐོ་སྒང་གི་ཡུལ་ལྗོངས་དང་རིག་གནས་ཀྱི་རྒྱུན་ཐག་མངོན་ཡོད་པ་མ་ཟད། ཕྱོགས་སོ་སོའི་འཐུས་ཚབ་པ་གཅིག་ཏུ་བསྡུས་ཏེ་སྐྱེ་ཁམས་འཚོལ་ཞིབ་དང་ཉམས་བརྗེ་ལམ་ནས“སྐྱེ་ཁམས་རྟོགས་སད”ཅེས་པའི་བརྗོད་གཞི་འདི་ལ་སྔར་ལས་གསོན་ཉམས་ཀྱིས་ཕྱུག་ཡོད། འགྲན་ཞུགས་པའི་མྱོང་རོལ་ལ་འགན་སྲུང་ལེགས་པོ་བྱ་ཆེད། འགྲན་སྡུར་གྱི་སྔོན་ལ་འགྲན་ཞུགས་པ་རྣམས་རྨ་ཆེན་གངས་རིའི་སྐྱེ་ཁམས་ལུས་རྩལ་རིག་གནས་དུས་ཆེན་ལ་ཞུགས་ཆོག་པ་དང་། འགྲན་སྡུར་གྱི་རྗེས་སུ་འགྲན་སྡུར་བྱས་ཚར་བ་དག་ལ་བོད་ཀྱི་རིག་གནས་སྣང་བརྙན་དོད་པའི་དྲན་རྟེན་དཔང་ཡིག་ཅིག་སྤྲད་རྒྱུ་རེད།
ཟླ8ཚེས15ཉིན། འཛམ་གླིང་ཡོངས་ཀྱི་རི་ཐང་བརྒལ་བའི་དཔའ་མཛངས་ཅན122རྨ་ཆེན་གངས་རིའི་འདབས་ནས་ལམ་ལ་ཆས་ཏེ། རི་ཀླུང་གོམ་གྱིས་འཇལ་ནས“མི་དང་རང་བྱུང་མཉམ་འཚོ”ཡི་འདུ་ཤེས་གསལ་འགྲེལ་དང་ལྷན་དུ་འགྲན་རྩལ་དང་རང་བྱུང་སྲུང་སྐྱོབ་མཉམ་སྡེབ་ཀྱི་ཡུལ་སྐོར་འགྲུལ་བཞུད་ཀྱི་མགོ་དངོས་སུ་བརྩམ་རྒྱུ་རེད།