《རྡོ་སོལ་གཏེར་ཁའི་བདེ་འཇགས་སྒྲིག་སྲོལ》ལ་བཟོ་བཅོས་བརྒྱབ་ནས2026ལོའི་ཟླ2པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཞིན་ཧྭ་གསར་འགྱུར་ཁང་བསྒྲགས་པའི་གནས་ཚུལ།  བཟོ་བཅོས་གསར་ཏུ་བརྒྱབ་པའི《རྡོ་སོལ་གཏེར་ཁའི་བདེ་འཇགས་སྒྲིག་སྲོལ》དེ2026ལོའི་ཟླ2པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ལ། དེ་ཡང་བཟོ་བཅོས་བརྒྱབ་པའི《རྡོ་སོལ་གཏེར་ཁའི་བདེ་འཇགས་སྒྲིག་སྲོལ》འདི་ལ་ཁྱོན་བསྡོམས་དོན་ཚན777ཡོད་ཅིང་། པར་གཞི་སྔོན་མ་དང་བསྡུར་ན་དོན་ཚན56ཁ་སྣོན་བརྒྱབ་པ་དང་།  དོན་ཚན353ལ་བཟོ་བཅོས་བརྒྱབ་ཡོད། ཚུལ་འདི་གསར་འགོད་པས་སྤྱི་ཚེས13ཉིན་རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་རེད། 

རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་ཚན་རྩལ་སྒྲིག་ཆས་སིའི་སི་ཀྲང་གཞོན་པ་ཧོང་ཐི་ཝུའེ་ཡིས་འདི་སྐད།  རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་ཚོད་འཛིན་ལག་རྩལ་འཐུས་ཚང་དང་སྐོར་ཞིབ་འཕྲུལ་མི་འཕེལ་རྒྱས་རྒྱུན་ཆད་མེད་པ་དང་བསྟུན་ནས། 《རྡོ་སོལ་གཏེར་ཁའི་བདེ་འཇགས་སྒྲིག་སྲོལ》པར་གཞི་གསར་པ་དེས་ཁྲོན་འོག་གི་ཝ་ཞིབ་བཤེར་པའི་གྲངས་འབོར་དང་ཞིབ་བཤེར་ཐེངས་གྲངས་ཀྱི་བླང་བྱ་མང་པོ་ཞིག་ཇེ་ཉུང་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། 

གནོད་འཚེ་ཚབས་ཆེན་འགོག་བཅོས་ནི་རྡོ་སོལ་གཏེར་ཁར་དོན་རྐྱེན་འབྱུང་བར་ཐོག་མཐའ་བར་གསུམ་དུ་སྔོན་འགོག་བྱ་བའི་གནད་འགག་གཙོ་བོ་ཡིན། རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་བདེ་འཇགས་རྨང་གཞི་སིའི་སི་ཀྲང་ཞིན་ཀོང་ལུང་གིས་འདི་སྐད། 《རྡོ་སོལ་གཏེར་ཁའི་བདེ་འཇགས་སྒྲིག་སྲོལ》པར་གཞི་གསར་པ་དེའི་ནང་ཝ་སི་རིམ་པ་དང་རྡེབ་སྐྱོམ་ས་གནོན། རྡོ་སོལ་བང་རིམ་རང་འབར་གྱི་ཕྱོགས་ལྷུང་རང་བཞིན་དང་སོལ་རྡུལ་འབར་གས་རང་བཞིན། རྡོ་སོལ་གཏེར་ཁའི་རི་ཉིལ་ཉེན་ཁ་སོགས་རྡོ་སོལ་གཏེར་ཁའི་གནོད་འཚེའི་རིམ་པ་གསལ་འབྱེད་ཀྱི་ལས་ཀ་དེ་བདེ་འཇགས་ཞིབ་དཔྱད་ཚད་ལེན་དང་ཞིབ་བཤེར་ཁྱབ་ཁོངས་ནང་བཅུག་པ་དང་། དུས་མཚུངས་སུ་གསལ་འབྱེད་སྒྲིག་གཞིར་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཐོབ་ཐང་ཆ་རྐྱེན་དག་འཛོམས་དགོས་པ་ཐད་ལ་བླང་བྱ་བཏོན་ཡོད་ཟེར། 

ཆུའི་གནོད་འཚེ་ས་ཁོངས་ཀྱི་བཅོས་སྐྱོང་ཐད། 《རྡོ་སོལ་གཏེར་ཁའི་བདེ་འཇགས་སྒྲིག་སྲོལ》གསར་པའི་ནང་དུ། རྡོ་སོལ་གཏེར་ཁའི་ཆུ་འགོག་བཅོས་དང་ས་ངོས་ཀྱི་སྔོན་ཐོན་ས་ཁོངས་བཅོས་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ཁག་གསར་དུ་བསྣན་ཏེ།  མཐིལ་ཤིང་གནོན་ཐེག་གིས་འཕོ་བའི་ཆུ་དེ་ས་ངོས་སུ་ཕྱུང་བའི་ས་ཁོངས་དག་བཅོས་སྐྱོང་བྱས་རྗེས་བདེ་འཇགས་ལ་རིགས་པས་ཁུངས་སྐྱེལ་དང་ཕན་འབྲས་ར་སྤྲོད་ཇི་ལྟར་བྱ་རྒྱུ་སོགས་ནང་དོན་ཁ་གསལ་བཟོས་ཡོད། 

“རང་འགུལ་ཅན་དང་རིག་ནུས་ལག་རྩལ་འཕེལ་རྒྱས་བཀོལ་སྤྱོད་དང་བསྟུན་ནས།《རྡོ་སོལ་གཏེར་ཁའི་བདེ་འཇགས་སྒྲིག་སྲོལ》གསར་པས་ས་གཤིས་རྩད་ཞིབ་དང་ཁྲོན་འོག་ལས་སྒྲུབ། ལྟ་བཤེར་ཚད་ལེན། མཐོང་ཡངས་སྔོག་འདོན་སོགས་གོ་རིམ་མང་པོའི་ཁྲོད་དུ་རིག་ནུས་ལག་རྩལ་གྱི་བཀོལ་སྤྱོད་ཁ་ཕྱོགས་དང་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོས་ཡོད”ཅེས་ཧོང་ཐི་ཝུའེ་ཡིས་བཤད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།