ཉིན་ཤས་སྔོན། ཁུལ་བོད་སྨན་ཁང་གིས་ཅང་ཞི་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དང་མཉམ་འབྲེལ་བྱས་ནས་བོད་ལུགས་དང་ཀྲུང་ལུགས་གསོ་རིག་གི་རིག་གནས་དམངས་ཕན་གྱི་བྱ་འགུལ་སྣ་ཚོགས་སྤེལ་ཏེ། མང་ཚོགས3000ལྷག་བྱ་འགུལ་ཁྲོད་ཞུགས་པ་རེད།
བྱ་འགུལ་ཁྲོད། སྨན་ཁང་གཉིས་ནས་ཐོན་པའི་ཆེད་མཁས་པ14ཡིས་མཚོ་ལྷོ་ཁུལ་བོད་སྨན་ཁང་གི་རིག་གནས་ཉམས་ལེན་ལྟེ་གནས་སུ་བོད་ལུགས་དང་ཀྲུང་ལུགས་གསོ་རིག་གི་འོས་འགན་སྨན་བཅོས་བྱེད་སྐབས། བོད་སྨན་གྱི་དབྱུག་བཅོས་དང་རྡོ་དུགས། ཧོར་མེ། བསྐུ་མྱེ་སོགས་ཀྱི་གསོ་བཅོས་བྱེད་ཐབས་དང་། ཀྲུང་ལུགས་གསོ་རིག་གི་མེ་བུམ་སོགས་ཀྱི་གསོ་ཐབས་སྣ་ཚོགས་སྤྱད་པས། ནད་པ་མང་པོས་དགའ་བསུ་ཐོབ།
མཚོ་སྔོན་པོའི་ཐང་ཆེན་དུ་བོད་ལུགས་དང་ཀྲུང་ལུགས་སྨན་བཅོས་བྱ་འགུལ་དེ་མཚན་མོའི་ཚོང་ཁྲོམ་ནང་ཞུགས་ཏེ་བོད་ལུགས་གསོ་རིག་གི་གནའ་གཞུང་གི་ཚད་ལྡན་ཡིག་ཆ་རྩ་ཆེན་རིགས་དང་ཕུན་སུམ་ཚོགས་པའི་བོད་སྨན་གྱི་རྒྱུ་ཆ། དེ་མིན་བོད་ལུགས་གསོ་རིག་གི་ཤེས་བྱ་ཀུན་བཏུས་ཀྱི་ཡིག་ཚང་ཁྲོད་བཞག་ཡོད་པའི་ཐང་ག བོད་སྨན་གྱི་འོད་སྟོང་འབར་བའི་ལོ་རྒྱུས་རིག་གནས་ཀྱི་ཤེས་བྱ་འགྲེམ་སྟོན་བྱས།
ཞབས་ཞུའི་ཉམས་ལེན་ཁུལ་དུ་ཆེད་མཁས་པ་རྣམས་ཀྱིས་རང་གཤིས་ཅན་གྱི་ལུས་ཁམས་བདེ་སྲུང་ཇི་ལྟར་བྱ་དགོས་པ་དང་། བོད་སྨན་ལ་བསྟེན་ནས་དུས་ཡུན་རིང་པོར་མཚན་འཁྱོངས་བྱེད་བཞིན་པའི་མི་ཚོགས་ལ་གཉིད་ཇི་ལྟར་ཁུག་པའི་ནད་བརྟག་སྨན་བཅོས་ཀྱི་ཤེས་བྱ། དེ་མིན་དལ་བའི་རང་བཞིན་གྱི་ནད་ཕོག་པའི་རྒན་པ་རྣམས་ལ་ཟས་དང་སྤྱོད་ལམ། འགུལ་སྐྱོད་ཟུང་འབྲེལ་གྱི་ལུས་གསོའི་ཐབས་ལམ་སོགས་གསལ་བཤད་བྱས་པ་རེད།།