2025-07-29
སྤྱི་ཟླ7པའི་ཚེས24ཉིན། དཀར་མཛེས་ཁུལ་གྱི་གསར་གཏོད་ལས་གཏོད་འགྲན་སྡུར་སྐབས་དགུ་པ་དང་དཀར་མཛེས་ཁུལ་ཡུལ་སྡེ་དར་རྒྱས་ཀྱི་ཡུལ་མི་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་འགྲན་སྡུར་སྐབས་དྲུག་པ་བརྒྱད་ཟིལ་རྫོང་དུ་སྤེལ། ཐོག་མའི་འགྲན་སྡུར་ཁྲོད་ནས་འབུར་དུ་ཐོན་པའི་ལས་གཏོད་ཚོགས་པ་ཕུལ་བྱུང12ཀྱིས་བཟོ་ལས་བཟོ་སྐྲུན་དང་འཚོ་བའི་ཞབས་ཞུ། དེང་རབས་ཞིང་ལས། རིག་གནས་ཡུལ་སྐོར་བཅས་ཁྱབ་ཁོངས་ཆེན་པོ་བཞི་ལ་དམིགས་ནས་འགྲན་རྩོད་དྲག་པོར་བྱས།
ད་ཐེངས་ཀྱི་འགྲན་སྡུར་ལ་དཀར་མཛེས་ཁུལ་ནས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་གསར་གཏོད་ལ་རོགས་རམ་བྱེད་ཅེས་པ་གཙོ་དོན་དུ་བྱས་པ་དང་། དཀར་མཛེས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། དཀར་མཛེས་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས། བརྒྱད་ཟིལ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་རེད། དེའི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་ལས་གཏོད་པར་ཤེས་ཡོན་ངོམ་པ་དང་ཐོན་ཁུངས་སྦྲེལ་མཐུད་སྟེགས་བུ་བསྐྲུན་པ། གསར་གཏོད་ཀྱི་གསོན་ཤུགས་བསྐུལ་ནས་ཡུལ་སྡེ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་དེ་རེད།
འགྲན་སྡུར་བྱ་ཡུལ་དུ་བདམས་ཐོན་པ་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་གར་སྟེགས་སུ་འཁྲབ་སྟོན་བྱས་ཤིང་། ལག་རྩལ་གསར་གཏོད་ནས་ཁྲོམ་རའི་མདུན་ལྗོངས་བར་དང་། ཡུལ་སྡེའི་ཁྱད་ཆོས་ནས་ཐོན་ལས་མཉམ་འདྲེས་བར་སོགས་དཀར་མཛེས་ཁུལ་གྱི་གསར་གཏོད་ལས་གཏོད་པས་སྙིང་སྟོབས་ཆེན་པོས་འཕེལ་རྒྱས་གཏོང་བའི་བསམ་པ་མངོན་ཡོད། དཔྱད་བསྐོས་པ་ཧྥུང་ཞའོ་ཧུང་གིས་ད་ཐེངས་ཀྱི་འགྲན་སྡུར་རྣམ་གྲངས་ལ་ཁྱད་ཆོས་ཆེན་པོ་གསུམ་མངོན་ཡོད་པ་སྟེ། གཅིག་ནི་རིག་གནས་བརྒྱུད་འཛིན་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་མཉམ་འདྲེས། དེ་བཞིན་གསར་དུ་བཏོད་པའི་ཚན་རྩལ་ལས་གཏོད་རྣམ་གྲངས་བཅས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག། གཉིས་ནི་རྣམ་གྲངས་མང་པོ་ཞིག་ལག་ལེན་བསྟར་ནས་ཕན་འབྲས་ཐོན་ཞིང་ས་གནས་དེར་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བསྐྲུན། གསུམ་ནི་ཡུལ་སྡེ་དར་རྒྱས་ཀྱི་ཁྱབ་ཁོངས་ཚུད་པའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་གི་རྣམ་གྲངས་ཀྱིས་ས་གནས་དེ་གའི་མང་ཚོགས་མཉམ་དུ་ཕྱུག་པོར་འགྱུར་རྒྱུར་སྐུལ་ཁྲིད་བྱེད་པ་བཅས་རེད་ཅེས་བཤད། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་གསར་གཏོད་ལས་གཏོད་དེ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བ་དང་། མཉམ་དུ་ཕྱུག་པོར་ཡོང་བ་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྲིད་ཇུས་རོགས་སྐྱོར་དང་། སྟེགས་བུ་འཛུགས་པ། ཞབས་ཞུའི་འགན་སྲུང་བཅས་ཀྱི་ལེ་ལག་ཆ་ཚང་ཞིག་བཏོན་ཡོད། ད་སྔར། རང་ཁུལ་གྱིས་ལས་གཏོད་གསོ་སྐྱོང་རྟེན་གཞི11བསྐྲུན་ནས་རིམ་རྩིས་ཐོག་གསོ་སྐྱོང་རྣམ་གྲངས207སྤེལ་ཡོད། ལས་གཏོད་རྣམ་གྲངས་ཕུལ་བྱུང40ལྷག་ཞིང་ཆེན་དང་རྒྱལ་ཁབ་ཀྱི་འགྲན་སྡུར་ལ་ཞུགས་རྒྱུའི་འོས་སྦྱོར་བྱས་པ་རེད། ཉེ་བའི་ལོ་གསུམ་རིང་རང་ཁུལ་གྱིས་ལས་གཏོད་ཞབས་ཞུའི་བྱེད་སྒོ་ཁག30ལྷག་སྤེལ་ནས་རྒྱ་ཆེ་བའི་ལས་གཏོད་བྱེད་མཁན་ལ་རང་ཉིད་ཀྱི་ནུས་པ་དང་ཕུགས་འདུན་མངོན་དུ་འགྱུར་བའི་སྟེགས་བུ་བསྐྲུན་ཡོད།ལོ་ཙྭ། ཡེ་ཤེས། རྩོམ་སྒྲིག་པ། ཡེ་ཤེས།
རྩོམ་གསར། 10